Tsering-gyalpo-tibetan-obit

Tibetan Studies > News for Tibetan Studies & Tibetans > Tsering Gyalpo Obituary (Tibetan)

Obituary: གུ་གེ་ཚེ་རིང་རྒྱལ་པོ།, ༡༩༦༡-༢༠༡༥

༄༅།། གུ་གེ་ཚེ་རིང་རྒྱལ་པོ་འདས་གྲོངས་སོང་བར་མྱ་ངན་ཞུ། བོད་ཀྱི་ལོ་རྒྱུས་སྤྱི་དང་མངའ་རིས་ས་ཁུལ་གྱི་ལོ་རྒྱུས་དང་ཤེས་རིག་ལ་དོ་སྣང་བྱེད་མཁན་ཞིག་ཡིན་ན། གུ་གེ་ཚེ་རིང་རྒྱལ་པོའི་མཚན་ཐོས་མ་མྱོང་བ་དང་། ཁོང་གི་དཔྱད་རྩོམ་ཀློག་མ་མྱོང་བ་ཕལ་ཆེར་ཡོད་ཀྱི་མ་རེད། ཡིན་ནའང་། ཁ་སང་ཁོང་སྐུ་གྲོངས་པའི་གནས་ཚུལ་མི་སྙན་པ་ཐོན་འདུག་པས་སྐྱོ། ཕྲན་གྱིས་དམ་པ་དེ་ཕྱི་ལོ་ ༢༠༡༣ ལོར་སོག་ཡུལ་ནས་ཐེངས་གཅིག་མཇལ་མྱོང་ཞིང་། དེ་དུས་ཁོང་ཐུགས་གཤིས་བཟང་ལ་ལྷོད་པ་ཞིག་ཏུ་མཇལ། མཇལ་ཡུན་ཐུང་བས་དེ་ལས་ལྷག་པ་ཞུ་ཐབས་དབེན། ཡིན་ནའང་ཁོང་གི་རྩོམ་ཡིག་ཁག་ནི་བོད་ནང་གི་དུས་དེབ་མང་པོའི་ནང་ནས་མཇལ་མྱོང་བས། ཁོང་གི་རྩོམ་ཡིག་གི་གྲངས་འབོར་དང་སྤུས་ཚད་གཉིས་ཀར་བསྔགས་བརྗོད་ཆེན་པོ་ཞུ་གི་ཡོད། ཁོང་གི་རྩོམ་ཡིག་མང་པོ་ཞིག་སྟོད་མངའ་རིས་ཁུལ་གྱི་ལོ་རྒྱུས་དང་། སྲོལ་རྒྱུན། མང་ཚོགས་ཀྱི་གོམས་སྲོལ་སྐོར་ཡིན་ཞིང་། རྩོམ་ཡིག་དེ་ཚོའི་གཞི་རྟེན་དུ་ཡིག་ཆ་མང་པོ་དྲངས་པ་མ་ཟད། ཁོང་རང་ཉིད་ས་གནས་དེ་ཚོར་དཀའ་ངལ་ལ་མ་འཛེམས་པར་ཐེངས་བརྒྱད་ཙམ་དངོས་སུ་བསྐྱོད་དེ་མཐོང་བ་དང་ཐོས་པ་དེ་ཚོ་བཀོད་འདུག་པས་གཞན་དང་མ་འདྲ་བ་ཆགས་ཡོད། ཁོང་གིས་བཀོད་པའི་རྩོམ་ཡིག་དེ་ཚོའི་ནང་། ཕྱོགས་ཡོངས་ཀྱི་གནས་ཚུལ་འགོད་ཐབས་བྱས་པ་དཔེར་ན། དགོན་པ་ཞིག་གི་ལོ་རྒྱུས་འབྲི་སྐབས། དགོན་པའི་ཆགས་རབས་དང་། གདན་རབས་ཙམ་མ་ཡིན་པར། དགོན་པ་དེ་ཆགས་སའི་གནས་བབས་དང་། དགོན་པ་དང་ས་ཁུལ་དེའི་མང་ཚོགས་བར་གྱི་འབྲེལ་བའི་སྐོར་སོགས་ཀྱང་བྲིས་འདུག གཤམ་དུ་དམ་པ་དེའི་རྩོམ་ཡིག་ཕྱོགས་སྒྲིག་གི་མཇུག་ཏུ་བཀོད་པའི་ཁོང་གི་ངོ་སྤྲོད་ཁོངས་ནས་མདོར་བསྡུས་ཤིག་བཀོད་ཡོད། གུ་གེ་ཚེ་རིང་རྒྱལ་པོ་ནི་སྤྱི་ལོ་ ༡༩༦༡ ལོར་སྟོད་མངའ་རིས་སྒར་རྫོང་གླང་དུ་འཁྲུངས། རང་ལོ་བཅུ་གཉིས་བར་དུ་འབྲོག་རྭའི་རི་ཀླུང་ཁྲོད་དུ་ར་ལུག་འཚོ་སྐྱོང་གིས་སྦྲ་གུར་ནག་པོའི་ནང་འཚར་ལོངས་བྱུང་། དེ་ནས་གཙོད་ཚོ་སློབ་ཆུང་དང་སྒར་རྫོང་སློབ་གྲྭར་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་བྱུང་། ཁོང་བློ་རིག་རྣོ་ཞིང་སྙིང་རུས་ཆེ་བས་སྦྱང་འབྲས་ལེགས་པོ་ཐོབ་སྟབས་བོད་ཀྱི་ལྟེ་གནས་ལྷ་སར་བྱོན་ཏེ་བོད་ལྗོངས་དགེ་འོས་སློབ་གྲྭ་ཆེན་མོའི་ཞོར་གཏོགས་སློབ་འབྲིང་དུ་ལོ་བཞིའི་རིང་སློབ་སྦྱོང་བྱས་ནས་དམའ་རིམ་སློབ་འབྲིང་ཐོན། སྤྱི་ལོ་༡༩༨༡ལོར་རྒྱ་ནག་པེ་ཅིན་གྱི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་སྐད་ཡིག་ཚན་ཁག་བོད་ཡིག་འཛིན་གྲྭར་རྒྱུགས་ལོན་ནས་ལོ་བཞིའི་རིང་བོད་རིག་པའི་མཁས་དབང་ཆེན་མོ་དུང་དཀར་བློ་བཟང་འཕྲིན་ལས་དང་།མཁྱེན་རབ་འོད་གསལ། ཐུབ་བསྟན་དབང་པོ། བློ་བཟང་རྡོ་རྗེ་བཅས་ཀྱི་དྲུང་ནས་སྙན་སུམ་གྱི་གཞུང་དང་། ལོ་རྒྱུས། རྩོམ་རིག་སོགས་དཔྱིས་ཕྱིན་པ་གསན་བཞེས་དང་སྦྱང་བརྩོན་ལྷོད་མེད་བྱས་གཤིས་མཐར་སྦྱང་འབྲས་ཕུལ་དུ་བྱུང་བའི་ཐོག་ནས་སློབ་གྲྭ་ཐོན་ཏེ་རྩོམ་རིག་ཤེས་རམས་པའི་ཡོན་ཚད་ཀྱི་ཐོབ་ཐང་བྱུང་། སྤྱི་ལོ་༡༩༨༥ ལོ་ནས་བཟུང་ལོ་གསུམ་རིང་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་གྲྭ་ཆེན་མོའི་མི་རིགས་ལོ་རྒྱུས་ཚན་ཁག་ནང་གཉེར་ལ་བརྩོན་ཞིང་། བོད་རིག་པ་མཁས་ཅན་དགེ་རྒན་ཆེན་མོ་ལིའུ་ཧྲིང་ཆི་དང་ཁྲང་ཧྥུང་ཤེན་རྣམ་གཉིས་ཀྱིས་དྲུང་ནས་བོད་ཀྱི་ལོ་རྒྱུས་དང་། ཆོས་ལུགས། མི་རིགས་རིག་པ་བཅས་ལ་འབད་འབུངས་བྱས་མཐར་སྦྱང་འབྲས་ཁྱད་དུ་འཕགས་པའི་སྒོ་ནས་རབ་འབྱམས་པའི་ཡོན་ཚད་ཀྱི་ཐོབ་ཐང་བཞེས། སྤྱི་ལོ་༡༩༨༨ ལོ་ནས་བཟུང་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་ཞིབ་འཇུག་ཚན་ཁག་ཏུ་ལོ་བཞི་ཙམ་རིང་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ལས་ཀ་བྱས་ཤིང་། དུས་མཚུངས་སུ་རྒྱ་ནག་གི་ཞིང་ཆེན་ཀོང་ཤི་དང་། ཀུའུ་ཀྲོའོ། ཡུན་ནན། ཧུ་ནན། ཧུ་པེ་སོགས་གྲངས་ཉུང་མི་རིགས་གཞན་པའི་ས་ཁུལ་དུ་བསྐྱོད་ནས་དེ་གའི་ལོ་རྒྱུས་དང་ཡུལ་སྲོལ་གོམས་གཤིས་བཅས་ལ་རྟོགས་ཞིབ་བྱས་ཏེ་ལྟ་རྒྱ་དང་མཐོང་རྒྱ་ཇེ་ཆེར་སོང་། སྤྱི་ལོ་༡༩༩༢ ལོར་ལྷ་སར་ལོག་རྗེས་བོད་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་བོད་ཀྱི་རིག་གནས་ལོ་རྒྱུས་རྩོམ་སྒྲིག་ཁང་རྒྱ་ཡིག་རྩོམ་སྒྲིག་པུའུ་རུ་ལོ་གཅིག་དང་ཟླ་བ་བཅུ་ཙམ་རིང་རྩོམ་སྒྲིག་དང་རྩོམ་སྒྲིག་འགན་འཁུར་གྱི་ལས་ལ་བརྩོན་ཞིང་། ཞོར་དུ་རྩོམ་ཡིག་བཅུ་གྲངས་ཤིག་བོད་ཡིག་ནས་རྒྱ་ཡིག་ལ་བསྒྱུར། སྤྱི་ལོ་༡༩༩༤ ལོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཆོས་ལུགས་ཞིབ་འཇུག་སོའོ་རུ་ལས་བསྒྱུར་བྱས་ནས་བོད་རིག་པའི་ཞིབ་འཇུག་གི་ཞབས་ཞུར་བརྩོན་བཞིན་ཞིབ་འཇུག་པ་ཆེན་མོའི་གོ་གནས་ཐོབ་པ་དང་སྦྲགས་དབུ་འཛིན་གཞོན་པའི་འགན་བཞེས། ལོ་རབས་དགུ་བཅུའི་དུས་མཇུག་ཙམ་ནས་བཟུང་སྔ་རྗེས་སུ་ཡོ་རོབ་རྒྱལ་ཁབ་ཨོ་སི་ཁྲུ་རི་ཡ་དང་། སུད་སེ ། ཧྥ་རན་སེ། འཇར་མན། ཧོ་ལན་ཊི། དབྱིན་ཇི་བཅས་ཀྱི་སློབ་ཆེན་ཁག་ལ་བྱོན་ནས་སློབ་ཁྲིད་བྱས་པ་དང་རྒྱལ་སྤྱིའི་བོད་རིགས་པའི་ཚོགས་འདུ་ཐེངས་འགའ་ཤས་ཀྱི་ནང་ཞུགས་པར་མ་ཟད། ཨོ་སི་ཁྲུ་རི་ཡའི་བོད་རིག་པ་མཁས་ཅན་གུན་ཊམ་ཧྭ་སྡོ་ཌི་དང་མཉམ་འབྲེལ་གྱིས་⟨གཡའ་བཟང་ཆོས་འབྱུང་⟩དང་⟨རྒྱལ་བ་གཡའ་བཟང་པ་ཆེན་པོའི་རྣམ་ཐར།⟩⟨ལྷ་བུག་པ་ཅན་གྱི་གདུང་བརྒྱུད་⟩བཅས་བོད་ཡིག་ནས་དབྱིན་ཡིག་ཏུ་བསྒྱུར་བའི་མུ་ལ་དཔྱད་རྩོམ་དང་མཆན་འགྲེལ་མང་དག་བཀོད་དེ་⟨གནས་ཆེན་ཡར་ལྷ་ཤམ་པོའི་གཤམ་འོག་གི་ཤེས་རིག⟩ (⟨Civilization at the foot of mountain Shampo ⟩)ཞེས་ཡིག་འབྲུ་ཁྲི་བཞི་བཅུ་ལྷག་ཙམ་གྱི་དེབ་ཅིག་རྩོམ་སྒྱུར་བྱས་ཤིང་། ད་དུང་⟨ཁྲ་འབྲུག་དགོན་པའི་སྔོན་བྱུང་ལོ་རྒྱུས་⟩དང་⟨ཚལ་གུང་ཐང་དགོན་པའི་དཀར་ཆག་རྒྱས་པ་⟩བཅས་བོད་ཡིག་ནས་དབྱིན་ཡིག་ཏུ་བསྒྱུར་ཏེ་ཨོ་སི་ཁྲུ་རི་ཡའི་གྲགས་ཅན་སློབ་གྲྭ་སྟེ་ཝེ་ཡེ་ཎ་(University of Vienna)སློབ་ཆེན་གྱིས་པར་དུ་བསྐྲུན་ནས་འགྲེམས་སྤེལ་བྱས་ཟིན། དེ་བཞིན་ཨ་མེ་རི་ཁའི་གཞུང་གཉེར་སློབ་གྲྭ་ཆེན་མོ་ཧྥུ་ཇི་ཉི་ཡའི་(University of Virginia)བོད་ཀྱི་ནང་བསྟན་རིག་པ་མཁས་ཅན་ཌི་བེ་ཊ་ཇེ་མ་ནོ་དང་མཉམ་དུ་ གངས་ལྗོངས་གློག་རྡུལ་དཔེ་མཛོད་ཁང་ཞེས་བོད་རིག་པའི་ཤེས་རིག་གི་གློག་རྡུལ་དྲ་རྒྱ་ཆེ་ཤོས་དེ་གསར་འཛུགས་བྱས་ཤིང་།དེའི་ནང་གསེས་སྟོད་མངའ་རིས་ལོ་རྒྱུས་དང་། རིག་གནས། ཆོས་ལུགས།དམངས་སྲོལ་གོམས་གཤིས་བཅས་ཀྱི་ལེ་ཚན་བཟོས། ལྷག་དོན་དུ་འཛམ་གླིང་ཐོག་སྐད་གྲགས་ཤིན་ཏུ་ཆེ་བའི་ཨ་མེ་རི་ཁའི་ཧ་ཝར་ཌི་སློབ་གྲྭ་ཆེན་མོས་གདན་ཞུས་ལྟར་ལོ་གཅིག་རིང་ཞིབ་འཇུག་སློབ་མར་བོད་རིག་པའི་སྐོར་གྱི་སློབ་ཁྲིད་བྱས། དེའི་རིང་ནེའུ་ཡུའེ་ན་མཆིས་པའི་ཨ་མེ་རི་ཁའི་གྲགས་ཅན་སློབ་ཆེན་ཀོ་ལུམ་བི་ཡ་ལའང་སློབ་ཁྲིད་ཐེངས་ཁ་ཤས་བྱེད་མྱོང་ཡོད། ཁོང་གིས་ཉེ་བའི་ལོ་བཅུའི་རིང་⟨གདོད་མའི་ཆོས་ལུགས་དང་དེའི་འབྱུང་རྐྱེན་ལ་རགས་ཙམ་དཔྱད་པ་⟩ དང་། ⟨ཆིང་རྒྱལ་རབས་ཀྱིས་བོད་སོག་ཁུལ་དུ་འཛིན་པའི་ཆོས་ལུགས་སྲིད་ཇུས་སྐོར་ལ་གླེང་བ།⟩ ⟨བོད་བརྒྱུད་ནང་བསྟན་མུ་མཐུད་ཡུན་རིང་གནས་པའི་རྒྱུ་རྐྱེན།⟩ ⟨བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཚོས་གང་འདྲ་བྱས་ནས་རང་ཁ་རང་གསོ་བྱེད་དགོས་མིན་ལ་དཔྱད་པ།⟩ ⟨ལ་སིང་དཔུང་འཇུག་སྐོར་ལ་དཔྱད་པ་⟩སོགས་ཆེད་རྩོམ་བཅུ་གྲངས་ཤིག་རྒྱ་ཡིག་དུས་དེབ་ཁག་ནང་བཏོན་ཞིང་། ⟨མངའ་རིས་སྔོན་བྱུང་ལོ་རྒྱུས་⟩ཞེས་པའི་དེབ་ཞིག་རྒྱ་ཡིག་ཐོག་ནས་བརྩམས་ཏེ་སྤྱི་ལོ་ 2003 ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། སྤྱི་ལོ་ ༢༠༠༦ ལོར་ཁོང་གིས་ཤོག་གྲངས་ ༤༨༠ ལྷག་ཡོད་པའི་⟨མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ་⟩ཞེས་པའི་དེབ་ཆེན་ཡིག་འབྲུ་ཁྲི་ལྔ་བཅུ་ལྷག་ཙམ་གྱི་བརྩམས་ཏེ་པར་སྐྲུན་བྱས་ཡོད་ཅིང་། དེ་ནི་བོད་མངའ་རིས་ས་ཁུལ་གྱི་ལོ་རྒྱུས་དང་ཤེས་རིག་སྐོར་གྱི་དཔེ་དེབ་རྒྱས་ཤོས་དང་ཡག་ཤོས་ཤིག་ཆགས་ཡོད། ཞལ་འདྲིས་དེ་ཙམ་མེད་པའི་མཁས་དབང་དམ་པ་འདི་འཇིག་རྟེན་འདི་ནས་ཞལ་གྱེས་པར། བོད་པའི་ལུགས་སྲོལ་བཞིན་དགེ་བའི་སེམས་ཀྱིས་བསྔོ་སྨོན་ཞུ་བ་དང་ཆབས་ཅིག དམ་པ་དེས་འཇིག་རྟེན་འདིར་བཞག་པའི་ལག་རྗེས་རྩོམ་ཡིག་རྣམས་ཀྱི་འཕྲིན་ལས་མུ་མེད་དུ་ཁྱབ་པའི་སྨོན་འདུན་ཞུ། གུས་ཆུང་ཚེ་རིང་གིས། སྤྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༣༠ ལ།། །།